དགེ་འདུན་ཆོས་འཕེལ་གྱི་མིག་ནང་གི་ཏཱ་ར་ནཱ་ཐ།

དགེ་འདུན་ཆོས་འཕེལ་གྱི་མིག་ནང་གི་ཏཱ་ར་ནཱ་ཐ།


ཁ་བྱང་གི་གསལ་བཤད།


དྲན་དབང་དགེ་འདུན་ཆོས་འཕེལ་དེ་སྐྱེས་བུ་དམིགས་བསལ་བ་ཞིག་ཡིན་པའི་དོ་སྣང་སླེབས་ནས་ཅུང་འགོར་བའི་དེ་རིང་། རྩོམ་ལུས་ཀྱི་བྱེ་ཕྲག་སྣ་ཚོགས་པར་དགེ་འདུན་ཆོས་འཕེལ་དང་ཆེ་གེ་མོ། དགེ་འདུན་ཆོས་འཕེལ་དང་ག་གེ་མོ་ཞེས་ཕུགས་སུ་རང་ཕྱོགས་ཀྱི་བརྗོད་འདོད་གཞན་པ་འཆང་བཞིན་ཟུར་ལ་དགེ་ཆོས་ཀྱི་མིང་གཡར་བ་དག་མཐོང་སྟེ། དེ་ལ་ཡིད་བརྟན་འཆའ་བ་ཇི་ལྟར་ཡིན་ཏེ་མིན་ནོ། །

རྒྱུ་མཚན་ནི། ཇོ་ནང་རྗེ་བཙུན་གྱི་རིག་གཞུང་དང་ལོ་རྒྱུས་ལྟ་གྲུབ་གང་ལ་བསམ་བློ་གཏང་ཡང་རྗེས་འཇུག་ཚོས་མི་གཞན་གྱི་ཁ་སྔུན་ངོ་སྔུན་ལ་གཡུག་ཕྱོགས་འགྲིག་སོང་བས་འཕྲིན་ལས་དར་བ་མ་ཡིན་གྱི། རང་སྟེང་ན་གཞན་ལ་མེད་པའི་འོད་ཟེར་རེ་དང་མྱོང་བྱ་རེ་ཡོད་པས་གཞན་གྱིས་ཚུར་དོ་སྣང་སླེབས་འོང་བ་ཡིན་པའི་ཕྱིར་རོ། །དེས་ན་འདིར་ནི་མ་གོ་ལོག་གོ་འོང་བ་འགའ་རེར་གསལ་བཤད་དང་བསྒྲགས། ཤོག་བུ་དཀར་པོའི་ངོར་སྣག་ཚ་ནག་པོས་ཇི་ལྟར་བྲིས་པའི་ཚུལ་འགའ་རེ་བརྗོད་འདོད་པ་ཡིན་ནོ། །

ཡང་འགའ་རེས་རྩོམ་འདིའི་ཁ་བྱང་མཐོང་བ་ཙམ་གྱིས་གཏམ་རྒྱུད་གསེར་ཐང་དུ་རྗེ་བཙུན་ལ་དགག་པ་ནན་གྱིས་མཛད་པ་མིན་ནམ་ཞེས་འདྲི་སྲིད་པས། དེ་ལ་ལན་འདི་བརྗོད་པར་བྱ་སྟེ། སྤྱིར་སྐྱེས་བུ་དེ་དང་དེར་གང་ཟག་གང་གིས་གདེང་འཇོག་བྱས་ཡོད་མེད་ནི། སྐྱེས་བུ་དེས་ཅི་བཤད་དང་དུ་བླངས་ཡོད་མེད་ལ་བལྟ་རྒྱུ་མ་ཡིན་པར་གསུང་ལ་དོ་སྣང་དང་རྣམ་ཐར་ལ་རྒྱུས་ལོན་བྱས་ཡོད་མེད་ལ་བལྟ་དགོས་སོ། །


མདོར་ན།


འུ་ཅག་གིས་རྒྱུད་ལ་ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པའི་སྙིང་ཁམས་ཤིག་ཡོད་པ་འདི་ལ་ནེམ་ནུར་ཅུང་ཟད་བྱུང་ན་དེས་མཁས་པའི་བཤད་ཕྱོགས་ལ་དྲང་མོའི་གོ་བ་ཞིག་རྙེད་རྒྱུ་ཡིན་པར་ངེས་སོ། །

གསུང་ལ་རྒྱུས་ལོན་མཛད་པའི་སྐོར།

(༡) སྤྱིར་གཏམ་རྒྱུད་གསེར་ཐང་དུ་དྲང་ལྡོག་གཉིས་ཀྱི་ཆ་ནས་རྗེ་བཙུན་གྱི་སྐོར་ལན་ཅིག་མིན་པར་ཡང་ཡང་གསུངས་བ་གཅིག་པུས་ཀྱང་། གསུང་ལ་རྒྱུས་ལོན་དང་རྣམ་ཐར་ལ་དོ་སྣང་ཇི་ལྟར་མཛད་པའི་ཚུལ་ཤེས་ནུས་པ་ཡིན་མོད། འདིར་དོ་སྣང་དམིགས་བསལ་བ་འགའ་རེ་བྱས་པའི་སྐོར་རིམ་གྱིས་ངོ་སྤྲོད་པར་བྱ་སྟེ།

གཏམ་རྒྱུད་གསེར་ཐང་གི་ས་བཅད་བཅུ་བཞི་པ། སིངྒ་ལའི་ལོ་རྒྱུས་སྐབས་སུ། གུ་རུ་ལྷོ་ཕྱོགས་པས་སིངྒ་ལའི་ཀཎྜེ་ཡུལ་དུ་མཇལ་གསུངས་པའི་ཤནྟི་པའི་དངོས་སློབ་དེ་རྙེད་དུ་རེ་བས་བདག་ཡུལ་དེར་ཟླ་ཕྱེད་ལྷག་བསྐོར་ཀྱང་སུ་ལ་ཡང་རྒྱུས་མི་འདུག དེ་དུས་དགུང་ལོ་བདུན་བརྒྱ་ལོན་འདུག་གསུངས་པས་ད་ནི་དགུ་བརྒྱ་ལྷག་ཡིན་རྒྱུ་ལ། ཡང་ན་ནི་སྐུ་འདས་པར་ངེས་དེ་མིན་ཐེག་ཆེན་པ་མི་གཅིག་བོད་ནས་འོངས་པ་ལ་མཇལ་ཁ་ནི་ཅིའི་ཕྱིར་མི་གཏོང་སྙམ་པ་བྱུང་། ཞེས་གསུངས་ཏེ། ཤནྟི་པའི་སློབ་མ་དེ་ནི། གྲགས་པའི་འབྱུང་གནས་ཞི་བ་ཡིན་ལ། དགུང་ལོ་བདུན་བརྒྱ་ལྷག་ལོན་ནས་ཡོད་ཅེས་པ། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་གྲུབ་ཆེན་བུདྡྷ་གུབྟའི་རྣམ་ཐར་དུ་བྱུང་བ་ཡིན། དེའང་གྲུབ་ཆེན་བུདྷ་གུབྟའི་རྣམ་ཐར་རྗེ་བཙུན་ཉིད་ཀྱི་ཞལ་ལུང་ལས་གཞན་དུ་རང་རྟོག་གི་དྲི་མས་མ་སྦགས་པའི་ཡི་གེ་ཡང་དག་པ་ཞེས་པ་ལས། ཀན་ཌ་ལ་ཞེས་བྱ་བའི་ཡུལ་ཞིག་གི་ཕུ། ནགས་འཐུག་པོ་ཞིག་གི་དབུས་ན་བྲག་ཕུག་འདུག །དེ་ན་སྔོན་སློབ་དཔོན་ཆེན་པོ་ཤནྟི་པ་སིངྒ་ལིའི་གླིང་དུ་ཕེབས་པའི་དུས་ཀྱི་དངོས་སློབ་མ་ཤཱ་ཀ་ར་ཤནྟི་བོད་སྐད་དུ་གྲགས་པའི་འབྱུང་གནས་ཞི་བ་ཞེས་བྱ་བ། དགུང་ལོ་བདུན་བརྒྱ་ཡང་ལྷག་ལོན་པ་ཞིག་བཞུགས་པ། སློབ་མ་གཅིག་མ་གཏོགས་པ་ཕལ་ཆེར་ལ་མི་མཇལ་ནའང་། རྗེ་འདིས་ཕུག་པའི་སྒོ་དྲུང་དུ་བཞུགས་པས་ནང་དུ་བྱོན་གསུང་མཇལ་བས་ཤིན་ཏུ་དགེས་ཤིང་ཆོས་འབྲེལ་ཞིག་ཀྱང་གསན། དེ་ཡང་གྲུབ་པ་ཡིན་གྱི་ཕལ་པ་ཚོས་མཐོང་བ་རང་ཅིག་མིན་པར་སེམས་ཞེས་གསུངས་སོ། །

འོ་ན་ལུང་འདིས་དོན་དམིགས་བསལ་བ་ཅི་ཞིག་བསྟན་སྙམ་ན། སྤྱིར་དགེ་ཆོས་ནི་མཁས་པས་ཅི་བཤད་ལ་མི་བལྟ་བར་བཤད་པ་དོན་སྟེང་དུ་འབབ་མིན་ལ་དཔྱད་ནས་འཇུག་མཁན་ཞིག་དང་། ལོ་རྒྱུས་དངོས་གཙོ་རང་ལུགས་འཛིན་མཁན་ཞིག་ཡིན་པ་ལ། ཚིག་འདིར་ཅིའི་ཕྱིར་དོ་སྣང་དམིགས་བསལ་བ་འདི་འདྲ་ཞིག་སྤྲད་དགོས་སྙམ་པ་ཡོད་དེ། རྗེ་བཙུན་གྱིས་ཁོང་གི་བླ་མ་བུདྷ་གུབྟས་སིངྒ་ལར་ཤནྟི་པའི་སློབ་མ་དགུང་ལོ་བདུན་བརྒྱ་ལྷག་ལོན་པ་ཞིག་མཇལ་བར་གསུང་པ་དེར་བརྟེན་ནས། དགེ་ཆོས་ཀྱིས་སིངྒ་ལའི་གླིང་ནས་ད་ལྟར་བླ་མ་དེ་དགུང་ལོ་དགུ་བརྒྱ་ལྷག་ལོན་ནས་ཡོད་སྙམ་དེ། ཟླ་ཕྱེད་ལྷག་ལ་ཤནྟི་བའི་སློབ་མ་དེར་མཇལ་འདོད་ཀྱི་ཁོམ་ལོང་ཡང་ཚིག་འདི་གཅིག་པུས་སྟེར་བ་ཡིན་པའི་ཕྱིར་རོ། །གཞུང་དེ་རུ་དེ་ཡང་གྲུབ་པ་ཡིན་གྱི་ཕལ་པ་ཚོས་མཐོང་བ་རང་ཅིག་མིན་པར་སེམས། ཞེས་སྐྱེས་བུ་དམིགས་བསལ་བ་མ་གཏོགས་མི་མཐོང་བར་གསུང་བཞིན་དེ་ལ་ནན་གྱིས་འུ་ཚུགས་བརྒྱབ་པ་ཡང་དགེ་ཆོས་དེ་ཕྱི་ནང་གཉིས་ཀའི་ཆ་ནས་གཞན་དང་ཅུང་མི་འདྲ་བར་ཤེས་ནུས་པ་ཡིན་ནོ། །དེས་ན་ལུང་ཚིག་འདི་ལྟ་བུ་ལ་དེང་སང་གི་ཏཱ་ར་ནཱ་ཐའི་རྗེས་འཇུག་ཏུ་རློམ་མཁན་དག་གིས་ཀྱང་ཡིད་ཆེས་དང་དོ་སྣང་དེ་འདྲ་ཞིག་བྱེད་སྲིད་དམ་སྙམ་མོ། །

གཞན་ནི། ས་བཅད་བཅུ་གཉིས་པ། པཱ་ལའི་རྒྱལ་བརྒྱུད་སྐབས། འདི་མཁས་པ་ཆེན་པོ་ཡིན་ཞིང་། ལེགས་སྦྱར་ཀྱང་ཤེས། མུ་སྟེགས་ཀྱི་རིག་བྱེད་དང་སྔོན་རབས་རྣམས་ལ་མཁས། ལེགས་ལྡན་གྱི་གླུ་ལ་བརྩི་ཆེར་བྱས། རིག་གནས་དུ་མའི་བསྟན་བཅོས་བརྩམས། ཁོས་བྲིས་པ་ཞིག་ཏུ་ད་ལྟའི་ལོ་བརྒྱ་ཙམ་གྱི་སྔོན་དུ་ཀླུ་སྒྲུབ་བྱ་བའི་སྨན་པ་ཆེན་པོ་ཞིག་བྱུང་སྟེ་དེས་བྲིས་པའི་སྨན་གྱི་གཞུང་ཞིག་ཀྱང་སྣང་ཞེས་བཤད་པས་ཡན་ལག་བརྒྱད་པ་རྩོམ་མཁན་གྱི་ཀླུ་སྒྲུབ་དེ་ཉེ་དུས་ཀྱི་མཁས་པ་ཞིག་ཡིན་པ་ཡང་སྲིད་དམ་སྙམ། ཞེས་གསུངས་པས་ཀྱང་གོང་ས་ལྔ་པས་ལན་ཅིག་མིན་པར་རྟག་བརྟན་སྤྲུལ་སྐུས་ལེགས་སྦྱར་ཡག་པོ་མ་སྦྱང་མི་ཤེས་ཞེས་སྤྱན་གདང་། ལྗགས་བསྐྱངས། མགྲིན་པ་གཟེངས་སུ་བཏེགས་ཏེ་དུས་རྟག་པར་དམོད་པའང་མཁས་པའི་གསུང་ལ་དགོངས་པ་གཞན་རེ་ཡོད་ན་མ་གཏོགས་སྒྲ་ཇི་བཞིན་པའི་གཏམ་ཞིག་མ་ཡིན་པར་གོ་ནུས་པ་ཡིན་ལ། ཁྱད་པར་དུ་འདར་ལོ་ཙཱ་བ་ལ་བརྟེན་ནས་ཏཱ་ར་ནཱ་ཐ་སུན་དབྱུང་བའང་གཏམ་རྒྱུད་གསེར་ཐང་དུ་བལྟས་པའི་ཚེ་ཕན་ཚུན་གོ་བཟློག་པ་ལྟར་ཡོད་དོ། །

༼༢༽
རྣམ་ཐར་ལ་དོ་སྣང་མཛད་པའི་སྐོར།
(༢)བཀྲས་མཐོང་ཐུབ་བསྟན་ཆོས་དར་ལགས་ཀྱིས་བརྩམས་པའི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལས། དེ་ནས་ཉིན་ཅིག་གླེ་ལུང་བཞད་རྡོར་དང་། ཇོ་ནང་པ་ཏཱ་ར་ནཱ་ཐའི་གསང་བ་རང་རྣམ་གྱི་ཕྱག་དཔེ་བྲིས་མ་ཞིག་བསྣམས་ནས་འདི་ཚོ་དཔེ་རྒྱུན་དཀོན་དྲག་ནས་ཁྱོད་རང་ཡང་འདི་གཉིས་ཡག་པོ་ཞིག་མཇལ་ན། ངས་འདི་འདྲ་བྱེད་དགོས་ཟེར་བ་མིན་ཡང་། རྗེས་སུ་དཔེ་ཆ་འདི་འདྲ་ཡང་མཇལ་མྱོང་སྙམ་པའི་དགའ་བ་སྐྱེ་རྒྱུ་ཞིག་ངེས་པར་ཡོད་ངེས། ལར་ནས་ཇོ་ནང་པའི་རྣམ་ཐར་འདི་ཁོང་རང་ཞིང་དུ་མ་གཤེགས་གོང་ནས་བྲིས་ཏེ། སྐུ་འདའ་ཁར་ཉེ་གནས་ལ་རང་རྣམ་འདི་སྐུ་གདུང་གི་ཕྱག་སྟེང་དུ་འཇོག་དགོས་ཞེས་ཞལ་ཆེམས་གནང་བ་ལྟར་བྱས་འདུག་ཀྱང་། འབུམ་པ་དེ་ས་ལ་བཞེངས་སྟབས། དུས་ཕྱིས་ཆར་ཆུས་ཞིག་ནས་སྐུ་གདུང་ཐོན་སྐབས་ཕྱག་སྟེང་གི་རང་རྣམ་འདི་ཡང་ཐོན་པས། དེ་དུས་ཇོ་ནང་པ་མ་མཉེས་མཁན་གྱི་བླ་མ་ཚོ་ནམ་ལངས་པ་འདྲ་བ་བྱུང་བ་རེད་ཅེས་གསུངས།

ཇོ་ནང་པའི་རྣམ་ཐར་དེ་མཇལ་བ་ལ་བརྟེན་ནས་སྔར་ཇོ་ནང་པའི་ཞལ་ཐང་དེ་འདྲ་མཇལ་བའི་སྟབས་ཀྱིས་རྒྱས་སྤྲོས་ཅན་ལྟ་བུ་ཞིག་རང་གི་སྣང་ངོ་ལ་འཆར་གྱིན་ཡོད་ཀྱང་། རང་རྣམ་དེ་མཇལ་དུས་ཇོ་ནང་པ་ནི་འཆད་རྩོད་རྩོམ་པའི་སྙན་གྲགས་ཀྱིས་ས་སྟེང་ཁྱབ་པ་མ་གཏོགས་དོན་དངོས་ལ་ནི་བྱ་ཉུང་དོན་ཉུང་རི་ཁྲོད་པ་ལྟ་བུ་ཞིག་ཡོད་པ་འདྲ་སྙམ་པ་བྱུང་། རྣམ་ཐར་དེ་ལ་བལྟ་དུས་སྐབས་དེར་ཉེ་གནས་ཞིག་ཀྱང་མེད་པར་སྒྲུབ་པ་འབའ་ཞིག་གཙོ་བོར་མཛད་ནས་བཞུགས་པ་འདྲ་བ་ཞིག་མཇལ། ཞེས་པའི་གསུང་དེར་བརྟགས་ན་ཇོ་ནང་རྗེ་བཙུན་གྱི་གསང་རྣམ་བཀའ་རྒྱ་ཅན་དེའི་དཔེ་རྒྱུན་ལ་ཡང་ཁོང་གིས་དམིགས་བསལ་གྱིས་དོ་སྣང་མཛད་ཡོད་པར་མ་ཟད། རྗེ་བཙུན་གྱི་རྣམ་ཐར་ལ་ཅིས་ཀྱང་ལྷད་མ་འདྲེས་པའི་གོ་བ་བླངས་མཁན་ཞིག་ཀྱང་རེད་སྙམ་པ་ཡོད་དོ། །

གཞན་ཡང་གཏམ་རྒྱུད་གསེར་ཐང་གི་ས་བཅད་བཅུ་བདུན་པ། མཇུག་རྩོམ་དུ། རྗེ་བཙུན་ཏཱ་ར་ནཱ་ཐས་རང་གི་སྔོན་གྱི་སྐྱེས་རབས་དྲན་པ་ཞིག་ཏུ་ཡང་། གོ་རཀྵའི་སློབ་མ་ཨོ་ཀོ་ར་ནཱ་ཐའི་བརྒྱུད་འཛིན་དེའི་ལུགས་མུ་སྟེགས་དང་བསྲེས་ནས་མང་དུ་ཡོད་པར་གསུངས་པ་དེ་ནི་ད་དུང་ཡང་རྒྱ་གར་དབུས་ན་ནཱ་ཐ་པར་གྲགས་པའི་ཆོས་སྡེ་ཆེན་པོ་ཞིག་སྣང་། ཞེས་གསུངས་པ་ལས་ཨོ་ཀོ་ར་ནཱ་ཐའི་སྐོར་རྗེ་བཙུན་གྱིས་མཛད་པའི་རྒྱལ་བོ་དགའ་བྱེད་ས་སྐྱོང་གི་རྣམ་ཐར་དུ་བྱུང་བ་ཡིན་ལ། སྔོན་རབས་དྲན་པ་ཡིན་པའི་ཚུལ་གཞུང་དེར་གསལ་ཁ་མེད་ཀྱང་། དེ་ཙམ་གྱི་ནོར་བ་ནི་སུ་ལའང་འབྱུང་རིགས་པ་ཡིན། དེ་བས་རྗེ་བཙུན་གྱིས་སྔོན་རབས་དྲན་ཚུལ་ཚུན་ཆོད་ལ་བདེན་ཁ་རེ་ཡོད་པ་ལྟར་བྱས་ནས་དོ་སྣང་སྤྲད་འདུག་པ་འདི་ལྟ་བུ་དག་ལ་རྣ་འོན་འོན་དང་མིག་ལོང་ལོང་ལྟར་བྱས་ཏེ། དགེ་འདུན་ཆོས་འཕེལ་གྱིས་ཏཱ་ར་ནཱ་ཐ་རྩ་མེད་དུ་གཏོང་ཚུལ་མ་སྨྲ་ཞིག

མདོར་ན་དགེ་འདུན་ཆོས་འཕེལ་གྱི་བརྩམས་ཆོས་དང་ཁོང་གི་སྐོར་མཇལ་ཚེ་ཁོང་གིས་རྗེ་བཙུན་གྱི་བརྩམས་ཆོས་གཟིགས་ངེས་པ་ནི།༡ རང་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད། ༢ གསང་རྣམ་རྒྱས་པ། ༣ གསང་རྣམ་མདོར་བསྡུས། ༤ སློབ་དཔོན་པདྨའི་རྣམ་ཐར་ཡིད་ཆེས་གསུམ་ལྡན། ༥ གྲུབ་ཆེན་བུདྷ་གུབྟའི་རྣམ་ཐར། ༦ ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ། ༧ རྒྱལ་བུ་དགའ་བྱེད་ས་སྐྱོང་གི་རྟོགས་བརྗོད། ༨ རྒྱ་གར་ཆོས་འབྱུང་རྣམས་ཡིན་པར་མངོན་ལ། དེ་བས་ཀྱང་རྒྱ་གར་ཆོས་འབྱུང་ནི་རྗེ་བཙུན་གྱི་བརྩམས་ཆོས་ཀྱི་ཁྲོད་ནས་ཁོང་གིས་གླེང་མང་ཤོས་ཀྱི་རིགས་ཡིན་པར་སེམས་སོ། ། གཞན་དགེ་ཆོས་དང་རྗེ་བཙུན་གྱི་སྐོར་གསང་རྣམ་མདོར་བསྡུས་ཀྱི་གསལ་བཤད་དུའང་ཅུང་ཟད་བྲིས་ཟིན་པའི་དེར་བལྟ་བར་བྱའོ། །


སྨྲས་པ།
མ་གྲགས་པ་དང་ཡོངས་སུ་གྲགས་པའི་གཏམ། །
ཀུན་ལ་བརྟགས་ཤིང་དཔྱད་ནས་འཇུག་རིགས་ཀྱི། །
ཐམས་ཅད་བདེན་དང་རྫུན་པ་མི་སྲིད་པས། །
ཕྱོགས་རིས་ལིང་ཏོག་བསལ་ཏེ་བལྟ་བར་མཛོད། །

ཁེ་གྲགས་བོར་བའི་དམ་པར་མི་གུས་ཤིང་། །
སྤྱོད་པ་བསྐྱུངས་པའི་མཁས་པར་བརྙས་བྱེད་པའི། །
ཇོ་བཟང་རྫི་བག་ཅན་གྱི་འགྲོ་ལུགས་རེས། །
ཤེས་བྱའི་འཇུག་སྒོ་བཀག་ནས་ཡུན་རིང་འགོར། །
ཞེས་ཀྱང་སྨྲའོ། །

ནང་དོན་ཡོངས་ཁུངས། ཇོ་ནང་ཏཱ་ར་ནཱ་ཐའི་རིག་གཞུང་སྟེགས་བུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།